གནས་ཚུལ་གསར་བཏོན། ༼༢༩/༠༡/༢༠༢༡༽

༉ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ལམ་སྟོན་ཟབ་པོ་དང་ བསྟན་འཛིན་གྱི་སྐྱེས་བུ་དམ་པ་དང་ དགེ་འདུན་ཡོངས་ཀྱི་ཐུགས་སྨོན་ དེ་ལས་ གདོང་ཁར་འཐོན་ཏེ་ཕྱག་ཞུ་མི་ཚུ་གི་ལཱ་ཤུལ་དང་ འབྲུག་མི་ཡོངས་ཀྱི་ རྒྱབ་སྐྱོར་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་གྱི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་འགོ་འདྲེན་འཐབ་ཚུགས་ཡོདཔ་ཨིན།

འདས་པའི་ཉིན་གྲངས་ ༤༠ གི་ནང་འཁོད་ མི་གྲངས་ ༢༨༠,༠༠༠ འདེ་ཅིག་ བརྟག་དཔྱད་འབད་དེ་ཡོདཔ་ལས་ འདི་གིས་ང་བཅས་ཀྱི་སེམས་ཁ་ལུ་ ནད་ཡམས་འདི་ ཟུར་བཞག་ཁང་ཚུ་ནང་མ་གཏོགས་ མི་སྡེ་ནང་ཚད་འཛིན་འབད་ཚུགས་ཡོདཔའི་ངེས་ཤེས་ འདྲོངས་ཚུགས་ཏེ་ བློ་བདེ་ཡོདཔ་ཨིན།

སྤྱི་ཚེས་ ༢༠/༡༢/༢༠༢༠ ལུ་ ཐིམ་ཕུ་ཚ་རིམས་བརྟག་དཔྱད་ཁང་ནང་ལས་ ནད་གཞི་འཐོབ་ཡོད་པའི་ མི་ངོམ་གཅིག་ངོས་འཛིན་འབད་དེ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འགོ་འདྲེན་འཐབ་དགོཔ་འཐོན་མི་འདི་གིས་ རྒྱལ་ཁབ་ནང་ལུ་ ནད་ཡམས་འདི་ཁྱབ་སྤེལ་སྦོམ་སྦེ་རང་འགྱོ་ཡོད་པའི་སྣང་བ་ཤར་ཏེ་ ཚ་གྱང་ལང་དགོཔ་འཐོན་ཡོདཔ་ཨིན།

ཨིན་རུང་ མི་ཚུ་ག་ར་རང་སོའི་ཁྱིམ་ནང་སྡོད་ནི་འདི་གིས་ ནད་གཞི་ཁྱབ་སྤེལ་འགྱོ་ནིའི་རྒྱུན་དེ་བཅད་ཚུགས་ཡོདཔ་དང་ འདི་གི་སྐབས་ ལས་བྱེད་ཚོགས་ཆུང་སོ་སོའི་འོག་ལུ་ཕྱག་ཞུ་མི་ མི་ངོམ་ ༢༠,༠༠༠ འདེ་ཅིག་གིས་ ཉིན་མཚན་མེད་པར་རྩ་འགེངས་ཏེ་ མི་སེར་ཚུ་གི་དཀའ་ངལ་ཚུ་སེལ་ཡོདཔ་ཨིན།

དུས་རྒྱུན་ འུར་བྱེལ་འཐབ་སྡོད་ཡོད་མི་ ཐིམ་ཕུ་ནོར་འཛིན་ལམ་བདས་སྟེ་ འགྲོ་འགྲུལ་བཀག་དམ་གྱི་གསལ་བསྒྲགས་འབད་བའི་ཉིནམ་ལས་འགོ་བཟུང་ མི་གཅིག་གིས་ཡང་ཕྱི་ཁར་མ་འཐོན་པར་ ས་ཁོངས་འདི་སྟོང་ལྷང་ལྷང་སྦེ་མཐོང་མིའི་གནས་སྟངས་འདི་གིས་ ང་བཅས་རའི་ འབྲུག་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་དབུ་ཁྲིད་བཟང་པོའི་འོག་ལུ་ ཐ་དམ་ཚིག་དང་ གཅིག་སྒྲིལ་ལུ་ག་དེམ་ཅིག་གཙོ་བོར་བཟུངམ་ཨིན་ན་ཤེས་ཚུགས་ཏེ་ཡོདཔ་ཨིན།

ཨིན་རུང་ནད་ཡམས་འདི་ ད་ལྟོ་མ་སངས་པར་ཡོདཔ་མ་ཚད་ ནམ་དགུན་གྱི་དུས་ཚོད་གཅིག་འབདཝ་ལས ང་བཅས་ར་རིགཔ་མ་སྒྱིམ་པ་ཅིན་ གནས་སྟངས་འདི་ཉེན་ཁ་ཅན་གཅིག་ལུ་འགྱུར་སྲིད། འདི་འབདཝ་ལས་ ས་མཚམས་དང་ འཛུལ་སྒོ་ཚུ་ནང་ ལྟ་རྟོག་དམ་དམ་འབད་ནི་དང་ བྱ་སྒོའི་ལམ་ལུགས་ཚུ་ལེགས་བཅོས་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན།

ཚོང་ལཱ་འབད་མི་དང་ འདེད་གཡོགཔ་ གདོང་ཁར་འཐོན་ཏེ་ཕྱག་ཞུ་མི་ཚུ་དང་ སློབ་ཕྲུག་ཚུ་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་ལུ་ བརྟག་དཔྱད་ཚུ་མང་སུ་སྦེ་འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ ཚ་རིམས་བརྟག་དཔྱད་ཁང་ཚུ་གིས་ ནད་ཡམས་ཚུ་ དུས་ཐོག་ལུ་ངོས་འཛིན་འབད་ནི་ལུ་ རྩ་འགེངས་འོང་། ཚ་རིམས་བརྟག་དཔྱད་ཁང་ཚུ་ གལ་ཆེ་བའི་མི་མང་ས་ཁོངས་ཚུ་དང་ གཞུང་ལམ་བདའ་སྟེ་ ཧེང་སྐལ་གཞི་བཙུགས་འབད་འོང་།

འདི་མ་ཚད་ ང་བཅས་ཀྱིས་ རྒྱལ་ཡོངས་ཀོ་ཝིཊ-༡༩ སྨན་ཁབ་རྐྱབ་ནིའི་ལམ་རིམ་འདི་འགོ་འདྲེན་འཐབ་སྟེ་ མི་སེར་ཚུ་ཉེང་སྲུང་འབད་ནི་དང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་བཀག་ཐབས་ལུ་ ཕན་ཐོགས་ནིའི་རེ་བ་ཡོད།

ཐིམ་ཕུ་ལུ་ འགྲོ་འགྲུལ་བཀག་དམ་དགོངས་ཡངས་འདི་ རེས་གཟའ་མིག་དམར་ ༼སྤྱི་ཚེས་ ༡/༢/༢༠༢༡ ༽ ལས་འགོ་བཙུགས་ནི་ཨིནམ་ལས་ འདི་སྐབས་ འབད་ཆོགཔ་དང་མ་ཆོགཔ་གི་ལས་སྣ་ཚུ་གཤམ་གསལ་ལྟར་དུ་ཨིན།

འགྲོ་འགྲུལ།
– རྫོང་ཁག་དང་རྫོང་ཁག་གི་བར་ན་འགྲོ་འགྲུལ་འཐབ་ཆོག།
– གླ་འཁོར་དང་ མི་མང་སྐྱེལ་འདྲེན་བཱསི་ཚུ་འགྲོ་འགྲུལ་འཐབ་ཆོག།
– ཐིམ་ཕུག་དང་སྤ་རོ་རྫོང་ཁག་ལས་འགྲོ་འགྲུལ་འབད་མི་ཚུ་ ཟུར་བཞག་ནང་སྡོད་མི་དགོ།
– ཉེན་ཁ་ཆེ་བའི་ ས་ཁོངས་ལས་འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ ཉིན་གྲངས་བདུན་གྱི་ཟུར་བཞག་འདི་འཕྲོ་མཐུད་དགོ། ༼ཉེན་ཁ་ཆེ་བའི་ས་ཁོངས་འདི་ ས་མཚམས་བདའ་སྟེ་ཡོད་པའི་རྫོང་ཁག་ཚུ་ལུ་གོ༽
– འགྲོ་འགྲུལ་འབད་མི་ཚུ་ག་ར་ འགྲོ་འགྲུལ་མ་འབད་བའི་སྔ་གོང་ལས་ འགྲུལ་སྐྱོད་ཐོ་དེབ་རིམ་ལུགས་ (CPMS) ནང་ཐོ་བཀོད་འབད་དགོ
– འགྲོ་འགྲུལ་པ་ཚུ་ གདམ་འཐུ་འབད་དེ་ རྟག་དཔྱད་འབད་ནི་ཨིན་རུང་ མི་མང་སྐྱེལ་འདྲེན་གྱི་འདེད་གཡོགཔ་ཚུ་གི་དོན་ལུ་ བདུན་ཕྲག་གཉིས་ནང་ཚར་རེ་བརྟག་དཔྱད་འབད་དགོ།

སློབ་གྲྭ་དང་ ཡིག་ཚང་ དེ་ལས་གཙུག་སྡེ་ཚུ།
– སློབ་གྲྭ་ཚུ་ ཤེས་རིག་ལྷན་ཁག་གི་ འགོ་འདྲེན་ཐོག་ ལས་རིམ་དང་འཁྲིལ་སྒོ་ཕྱེ་འོང་། སློབ་ཕྲུག་དང་ སློབ་དཔོན་ཚུ་ བདུན་ཕྲག་གཉིས་རེའི་བར་ན་ ཚར་རེ་ བརྟག་དཔྱད་འབད་དགོ། ས་ཁོངས་ནང་ལུ་ ལྟ་རྟོག་འབད་ནིའི་དོན་ལུ་ གསོ་བའི་ངོ་ཚབ་འགོ་དཔོན་ཚུ་ངོས་འཛིན་འབད་དེ་ཡོདཔ་ཨིན།
– ཡིག་ཚང་དང་གཙུག་སྡེ་ཚུ་སྒོ་ཕྱེ་དགོ། ཡིང་ཚང་དང་གཙུག་སྡེ་ཁག་ཚུ་ནང་ ངོས་འཛིན་འབད་ཡོད་པའི་ ནད་ཡམས་ཀོ་ཝིཊ-༡༩ གི་ངོ་ཚབ་འགོ་དཔོན་ཚུ་གིས་ རང་སོའི་ཡིག་ཚང་དང་གཙུག་སྡེ་ཚུ་ནང་ ནད་ཡམས་ཀྱི་སྒྲིག་གཞི་ཚུ་ དང་ལེན་འབད་ཡོདཔ་ངེས་བརྟན་བཟོ་དགོ།

ཚོང་ཁང་དང་ ཚོང་ལཱ་གཞན།
– ཚོང་ཁང་ཚུ་དང་ བཟའ་ཁང་ དེ་ལས་ཚོང་ལཱ་གཞན་ཚུ་འཐབ་ཆོག།
– ཕྱི་རུ་ཆུ་ཚོད་ ༩ ལུ་སྒོ་བསྡམ་དགོ།
– སྐྱ་བཏོག་ཁང་དང་ སྐྱ་བཟོ་བཟོ་ཁང་ཚུ་ནང་ གཙང་སྒྲང་དང་ཉེན་སྲུང་འཐེབ་སྦེ་རང་གཞི་གཙུགས་འབད་དེ་ སྒྲིག་གཞི་ཚུ་དམ་དམ་སྦེ་ དང་ལེན་འབད་དགོ།
– བདུན་ཕྲག་གཉིས་རེའི་བར་ན་ ནད་ཡམས་ཡོད་མེད་བརྟག་དཔྱད་ཚར་རེ་འབད་དགོ།
– གློག་བརྙན་ཁང་དང་ ཀ་རཝ་ཀེ་ སྒྲ་དབྱངས་ལ་སོགས་པའི་སྤྲོ་ཁང་ཚུ་ སྒོ་ཕྱེ་ནིའི་སྐོར་ ཤུལ་ལས་ལོགས་སུ་སྦེ་གསལ་བསྒྲགས་འབད་འོང་།

རྩེད་སྟོན་དང་རྩེད་རིགས།
– རྩེད་མོའི་རིགས་ག་ར་རྩེ་ཆོག་ནི་ཨིན་རུང་ ལྟདམ་ལྟ་མི་འཛོམས་མི་ཆོག
– ཕྱི་རུ་ཆུ་ཚོད་ ༡༡ ལས་རྩེ་མི་ཆོག།
– འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཆ་འཇོག་འབད་ན་མ་གཏོགས་ རྩེད་འགྲན་ཚུ་འགོ་འདྲེན་འཐབ་མི་ཆོག།
– རང་ལུགས་ཀྱི་རྩེདམོ་ མདའ་དང་ཁུ་རུ་ཚུ་ རྩེ་བའི་སྐབས་ མི་གྲངས་ ༡༠ ལས་བརྒལ་འཛོམས་མི་ཆོག།

བཟོ་སྐྲུན།
– བཟོ་སྐྲུན་གྱི་ལཱ་ཚུ་ག་ར་འབད་ཆོག།

མི་མང་སྤུང་འཛོམས།
– མི་མང་སྤུང་འཛོམས་འབད་མི་ཆོག། ཨིན་རུང་ མི་སྡེའི་ཆོས་ཕྱོགས་ཀྱི་ལས་རིམ་ཚུ་གི་དོན་ལུ་ མི་གྲངས་ ༢༥ ལས་བརྒལ་འཛོམས་མི་ཆོག། འདི་གི་དོན་ལུ་ ས་གནས་ཀྱི་ལས་བྱེད་ཚོགས་ཆུང་ལས་གནང་བ་ཞུ་དགོ
– རང་སོའི་ཁྱིམ་ནང་གི་ཆོས་ཕྱོགས་ཀྱི་ལས་རིམ་གྱི་དོན་ལུ་ ནང་མི་རྐྱངམ་ཅིག་འཛོམས་ཆོག།
– དུར་ཁྲོད་ཁར་ ནང་མི་རྐྱངམ་ཅིག་འཛོམས་ཆོག།
– གནས་སྐོར་འགྱོ་ནི་དང་ཚ་ཆུ་ སྨན་ཆུ་སྦང་ནི་ དེ་ལས་ རྐང་ཐང་ལམ་འགྲུལ་ཚུ་འབད་ཆོག།

གོ་བསྡུར་ཞལ་འཛོམས/ གྲོས་ཚོགས/ཞལ་འཛོམས།
– གོ་བསྡུར་ཞལ་འཛོམས་དང་ གྲོས་ཚོགས་ དེ་ལས་ཞལ་འཛོམས་ཚུ་གི་དོན་ལུ་ མི་གྲངས་ ༢༥ ལས་བརྒལ་བཅའ་མར་གཏོགས་མི་ཆོག།
– ཀོ་ཝིཊ-༡༩ གི་ངོ་ཚབ་འགོ་དཔོན་གིས་ བཅའ་མར་གཏོགས་མི་ཚུ་གི་ཁ་གསལ་ཚུ་ཐོ་བཀོད་འབད་དགོ།

༼འབྲུག་གི་ བློན་ཆེན་ཡིག་ཚང་གི་དོང་འདེབ་ལས།༽

Check Also

གནས་ཚུལ་གསར་བཏོན ༼ནངས་པ་ལས་ རྫོང་ཁག་༡༨ ནང་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་འབད་ཆོག་ནི།༽

༉ རྒྱལ་ཡོངས་ནད་ཡམས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྒྱལ་ཡོངས་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ནངས་པ་ལས་འགོ་བཙུགས་ རྫོང་ཁག་༡༨ ནང་ འགྲོ་འགྲུལ་བཀག་དམ་དེ་ རྩ་བ་ལས་ ཡངས་ཆག་གཏངམ་དང་འབྲེལ་ རྫོང་ཁག་དེ་ཚུ་ནང་སྡོད་མི་ མི་སེར་ཚུ་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ ཧེ་མར་ཡོད་མི་ …