འཚོལ་ཞིབ་དང་སྲོག་སྐྱབས་སྦྱོང་བརྡར་ཤོ་ཐེངས་གཉིས་པ། ༼སྤུ་ན་ཁཿ ལོ་སྦིས་ས་ལུ༽

འཚོལ་ཞིབ་དང་སྲོག་སྐྱབས་ཀྱི་སྦྱོང་བརྡར་ཤོ་ཐེངས་གཉིས་པ་འདི་ བསྟན་སྲུང་དམག་སྡེའི་མདོ་འཛིན་འོགམ་ རིན་ཆེད་རྡོ་རྗེ་གིས་ སྤྱི་ཚེས་ ༡༦/༠༣/༢༠༢༡ ལུ་འགོ་འབྱེད་མཛད་གནང་ཡི། མཛད་རིམ་འདི་ནང་ བསྟན་སྲུང་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་འགོ་དཔོན་ཚུ་ དེ་ལས་ སྡེ་སྲུང་ཡིག་ཚང་གི་ལས་བྱེདཔ་ཚུ་གིས་གྲལ་གཏོགས་འབད་ཡི། མཛད་རིམ་འདི་སྐབས་ རྐྱེན་ངན་འཛིན་སྐྱོང་ལས་འཛིན་གྱིས་ སྐུ་མགྲོན་དང་སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ་ལུ་ བྱོན་པ་ལེགས་སོའི་གསུང་བཤད་གནང་ཡོདཔ་དང་ དེའི་ཤུལ་ལས་ སྐུ་མགྲོན་གཙོ་བོ་གིས་ འགོ་འབྱེད་གསུང་བཤད་གནང་པའི་སྐབས་ འཚོལ་ཞིབ་དང་སྲོག་སྐྱབས་སྦྱོང་བརྡར་འདི་ རྒྱལ་ཁབ་ཀྱི་ཆགས་ཚུལ་དང་འབྲེལ་བའི་རྐྱེན་ངན་གྱི་ཉེན་ཁག་གི་གདོང་ལེན་དོན་ལུ་ གལ་ཅན་ཅིག་ཨིནམ་སྦེ་གསུང་གནང་ཡི།

སྦྱོང་བརྡར་འདི་ནང་ སྡེ་སྲུང་དང་དམག་སྡེ་ཁག་ལས་ སྦྱོང་བརྡར་པ་ ༦༦ གིས་བཅའ་མར་གཏོགས་ཡོདཔ་དང་ སྦྱོང་བརྡར་སྐབས་ ཁོང་ཚུ་གིས་ ལ་གོང་འཚོལ་ཞིབ་དང་སྲོག་སྐྱབས་ དེ་ལས་ མེ་དང་ཆུ་ དེ་བཟུམ་སྦེ་ སྣུམ་འཁོར་དང་འབྲེལ་བའི་རྐྱེན་ངན་ཚུ་འབྱུང་པའི་སྐབས་ འཚོལ་ཞིབ་དང་སྲོག་སྐྱབས་འབད་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་ཚུ་འབད་ནི་ཨིན་མས།

སྦྱོང་བརྡར་འདི་ཡང་ ས་གནས་སྤུ་ན་ཁ་ ལོ་སྦི་ས་ལུ་སྦེ་ དམག་སྡེ་ཁག་དང་སྡེ་སྲུང་གི་སློབ་སྟོན་པ་ཚུ་གིས་ སློབ་སྟོན་འབད་དོ་ཡོདཔ་ཨིན།