གནས་ཚུལ་གསར་བཏོན ༼ནངས་པ་ལས་ རྫོང་ཁག་༡༨ ནང་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་འབད་ཆོག་ནི།༽

༉ རྒྱལ་ཡོངས་ནད་ཡམས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྒྱལ་ཡོངས་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ནངས་པ་ལས་འགོ་བཙུགས་ རྫོང་ཁག་༡༨ ནང་ འགྲོ་འགྲུལ་བཀག་དམ་དེ་ རྩ་བ་ལས་ ཡངས་ཆག་གཏངམ་དང་འབྲེལ་ རྫོང་ཁག་དེ་ཚུ་ནང་སྡོད་མི་ མི་སེར་ཚུ་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ ཧེ་མར་ཡོད་མི་ གནས་སྟངས་ཐོག་ལུ་ སྡོད་ཆོགཔ་ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ འི་སྒྲིག་གཞི་ཚུ་ལུ་ གནས་དགོ་ཟེར་ཨིན་པས།

དེ་ཡང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ དོན་སྨིན་ཅན་སྦེ་ བཀག་འཛིན་འབད་ཚུགས་ནི་དེ་གིས་ཨིན་ཟེར་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དེ་སྦེ་ གྲོས་ཐག་བཅད་མི་དེ་ཡང་ འདས་པའི་ཉིན་གྲངས་༣ གྱི་རིང་ལུ་ རྫོང་ཁག་ཚུ་ནང་ བརྟག་དཔྱད་༡༨,༠༠༠ དེ་ཅིག་ འབད་ཡོདཔ་མ་ཚད་ ནད་རྟགས་མེདཔ་ གཏན་འཁེལ་བཟོ་ནིའི་དོན་ལུ་ བརྟག་དཔྱད་ལན་ཐེངས་མང་རབས་ཅིག་འབད་མི་དང་འཁྲིལ་ཨིན་པས།

དབྱིན་ཟླ་༡ པའི་ཚེས་༦ ལུ་ རྫོང་ཁག་ཚུ་ནང་ འགྲུལ་སྐྱོད་ལྷོད་ཡངས་བཏང་པའི་ གོ་རིམ་དང་པའི་ནང་ མི་ཚུ་ རང་སོའི་རྫོང་ཁག་ནང་འཁོད་ལུ་ ལམ་འགྲུལ་འབད་བཅུག་ཡོདཔ་ད་ དེ་བསྒང་ རྫོང་ཁག་རེ་གིས་ རིམ་བྲལ་ཐོག་ལས་ ༼ག་ཚུད་སྦེ༽ བརྟག་དཔྱད་འབད་དེ་ ཉུང་ཤོས་ར་ དཔེ་ཚད་༣༠༠ བསྡུ་ལེན་འབད་ཡོདཔ་མ་ཚད་ འགྲོ་འགྲུལ་ལྷག་པར་དུ་ སྒོ་ཡངས་བཟོ་ཐབས་ལུ་ བརྟག་དཔྱད་ག་དེ་མང་མང་འབད་ཡོདཔ་ཨིན་པས།

དེ་འབདཝ་ལས་ སྤྱི་ཟླ་༡༢ པའི་༢༣ ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་ཞིནམ་ལས་ཚུར་ རྫོང་ཁག་ཚུ་ནང་ བརྟག་དཔྱད་༥༢,༠༠༠ ལྷགཔ་ཅིག་འབད་བའི་ཁར་ རྒྱལ་ཁབ་ནང་ ག་ར་བསྡོམས་ཏེ་ བརྟག་དཔྱད་༡༣༥,༠༠༠ ལྷགཔ་ཅིག་འབད་ནུག།ཐིམ་ཕུག་དང་ སྤ་རོ་མ་གཏོགས་ རྫོང་ཁག་༡༨ ནང་ ཀོ་བིཌ་-༡༩ མེད་པའི་ གྲུབ་འབྲས་ཐོན་ཡོདཔ་ད་ རྫོང་ཁག་སོ་སོའི་ལས་བྱེད་ཚོགས་ཆུང་གིས་ འགྲུལ་སྐྱོད་བཀག་དམ་ཡངས་ཆག་གི་ ཚེས་གྲངས་ནམ་ལས་ ལག་ལེན་འཐབ་ནི་ཨིན་ན་ གསལ་བསྒྲགས་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

གསལ་བསྒྲགས་དང་འཁྲིལཝ་ད་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ གཙུག་སྡེ་ཚུ་ ཆ་མཉམ་ར་ ལོག་སྒོ་ཕྱེ་ནི་ཨིན་རུང་ སློབ་ཕྲུག་དང་ ལས་བྱེདཔ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ཚུ་ལུ་ ལྟ་རྟོག་དམ་དམ་ འབད་དགོཔ་བཞིན་དུ་ རྫོང་ཁག་གཅིག་ལས་གཅིག་ནང་ འགྲོ་འགྲུལ་འབད་ཆོག་ནི་ཨིན་རུང་ ལམ་འགྲུལཔ་ཚུ་གིས་ འགྲུལ་སྐྱོད་མ་འབད་བའི་ཧེ་མར་ འགེགས་སྲུང་འཛིན་སྐྱོང་ལམ་ལུགས་དང་ ཐོ་བཀོད་འབད་དགོ་ཟེར་ཨིན་པས།

དེ་མ་ཚད་ རྫོང་ཁག་དེ་ཚུའི་ནང་ ནད་ཡམས་ཐོབ་ཉེན་ཡོད་པའི་ རྩེད་ཁང་དང་ མི་སྤུངས་འཛོམས་འབད་སའི་ ས་གོ་ཚུ་མ་གཏོགས་ ཚོང་ཁང་དང་ ཡིག་ཚང་ སྒེར་གྱི་ཚོང་ལས་ཁང་ཚུ་ སྒོ་ཕྱེ་ཆོག་པའི་ཁར་ བཟོ་སྐྲུན་གྱི་ ལཱ་ཚུ་ཡང་ ལོག་འགོ་བཙུགས་ཆོགཔ་ཨིན་པའི་གནས་ཚུལ།

ཐིམ་ཕུ་དང་ སྤ་རོ།
ཐིམ་ཕུ་དང་ སྤ་རོ་རྫོང་ཁག་གི་མི་སྡེའི་ནང་འཁོད་ ནད་ཡམས་ཡོད་མེད་ ཞིབ་ཞིབ་སྦེ་དབྱེ་དཔྱད་འབད་ནིའི་དོན་ལུ་ བརྟག་དཔྱད་འབོར་ཆེཝ་སྦེ་འགོ་འདྲེན་འཐབ་བཞིན་ཡོདཔ་ཨིན།

སྤ་རོ་རྫོང་ཁག་ནང་ དཔེ་ཚད་ཚུ་བསྡུ་ལེན་འབད་ཚར་ཡོད་རུང་ ཐིམ་ཕུ་ལུ་ ཁྱིམ་གུང་རེ་ལས་ མི་ངོམ་རེ་བརྟག་དཔྱད་འབད་དེ་ འགྲོ་འགྲུལ་བཀག་དམ་ཆ་མེད་གཏང་ནི་ལུ་ ཉེན་ཁ་མེད་པའི་གནས་སྟངས་ཅིག་བཟོ་ནི་ལུ་ བརྩོན་དོ་ཡོདཔ་ཨིན།

ནད་གཞི་འདི་ ཚད་འཛིན་འབད་ཚུགས་པའི་ གནས་སྟངས་གཅིག་ལུ་ལྷོད་ཡོདཔ་ལས་ འབོར་ཆེན་བརྟག་དཔྱད་ཀྱི་གྲུབ་འབྲས་འདི་གིས་ ཐིམ་ཕུ་དང་སྤ་རོ་རྫོང་ཁག་གཉིས་ནང་ འགྲོ་འགྲུལ་བཀག་དམ་ ཆ་མེད་ཀྱི་ལས་རིམ་འདི་ འཇོན་ཐངས་ཅན་སྦེ་འགོ་འདྲེན་འཐབ་ནི་ལུ་ཕན་ཐོགས་ཚུགས། བརྟག་དཔྱད་ཀྱི་ལས་རིམ་འདི་མཇུག་བསྡུ་བའི་ཚེ་ མི་མང་ལུ་ འདི་གི་ཐད་ལུ་ གསལ་བསྒྲགས་འབད་འོང་།

རྫོང་ཁག་གཞན་ཚུ་ནང་ ནད་ཡམས་མེད་དེ་འབད་རུང་ ད་ལྟོ་གི་གནས་སྟངས་ནང་ཨིན་པ་ཅིན་ ཐིམ་ཕུ་དང་སྤ་རོ་བཟུམ་མའི་ ཉེན་ཁ་ཆེ་བའི་ས་ཁོངས་ཚུ་ནང་ལས་ ནད་ཡམས་འདི་ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ཡོད། འདི་འབདཝ་ལས་ ཟུར་བཞག་ནང་བཞག་ནི་ལ་སོགས་པའི་ ལྟ་རྟོག་གི་ལས་རིམ་དམ་དམ་སྦེ་འགོ་འདྲེན་འཐབ་སྟེ་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་གོ་སྐབས་མེདཔ་བཟོ་ནི་ལུ་བརྩོན་ཤུགས་བསྐྱེད་འོང་ཟེར་ཞུ་ནི་ཨིན།

Check Also

གནས་ཚུལ་གསར་བཏོན། ༼༢༩/༠༡/༢༠༢༡༽

༉ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ལམ་སྟོན་ཟབ་པོ་དང་ བསྟན་འཛིན་གྱི་སྐྱེས་བུ་དམ་པ་དང་ དགེ་འདུན་ཡོངས་ཀྱི་ཐུགས་སྨོན་ དེ་ལས་ གདོང་ཁར་འཐོན་ཏེ་ཕྱག་ཞུ་མི་ཚུ་གི་ལཱ་ཤུལ་དང་ འབྲུག་མི་ཡོངས་ཀྱི་ རྒྱབ་སྐྱོར་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་གྱི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་འགོ་འདྲེན་འཐབ་ཚུགས་ཡོདཔ་ཨིན། འདས་པའི་ཉིན་གྲངས་ ༤༠ གི་ནང་འཁོད་ མི་གྲངས་ ༢༨༠,༠༠༠ …